ཡང་བསྐྱར་ཁྱེད་ཀྱི་སྤོབས་པ་རྣམ་གསུམ་དེ་ཡི་གེར་བྲིས་ཡོད།

རྩོམ་པ་པོ། ཨ—བསྟན་འཛིན་བྲག་དཀར།

༡༽ མཛངས་མ་བསྟན་འཛིན་ཆོས་སྐྱིད་ལགས་ཁྱེད་རང་གི་དྲང་ཚུགས་དང་། གོ་རྟོགས། གདེང་སྤོབས་དེར་བསམ་གཞིག་བྱེད་སྟངས་རེར། བོད་ཁམས་ཕྱོགས་ལ་མཛངས་མའི་བུ་མོ་ཁྱེད་དང་ཁྱེད་འདྲ་བ་ཡོད་པ་ནི། བོད་མདོ་ཁམས་མི་དམངས་ཀྱི་གཟི་བརྗིད་དང་ལ་རྒྱ་རེད་ཨང་། ཡིན་ནའང་ཡིད་སྐྱོ་བ་ཞིག་ལ་ཆོལ་ཁ་དང་ལུང་ཚན་གྱི་ན་ཚས་བཟི་ཚར་བའི་མི་ཁ་ཤས་ཀྱིས་ཁྱེད་ཉིད་ཀྱི་རིན་ཐང་དེ་ནམ་ཡང་རྟོགས་མདོག་ཁ་བོ་མ་རེད། དེའང་མི་སྐྱོན། ཁོ་ཚོ་ནི་ཉི་མའི་འོད་སྣང་མི་མཐོང་བའི་སྲིན་འབུ་མེ་ཁྱེར་གྱི་སྐྱེ་བ་རེད། དེ་ལ་ཡ་མཚན་དགོས་པ་དང་ཡིད་ཕམ་དགོས་པའི་གནས་བབ་གང་ཡང་མི་འདུག ང་དང་ང་འདྲ་བ་ནི་དུས་རྟག་ཏུ་ཁྱེད་རང་གི་རྒྱབ་མདུན་ན་མཐའ་གཅིག་ཏུ་ཡོད་དོ།།

༢༽ གནད་ལ་འཁེལ་ཞིང་གནས་ལུགས་གསལ་བའི་ཁྱེད་རང་གི་གསུང་བཤད་ཁག་གིས། བཙན་བྱོལ་མི་དམངས་གཉིད་ལས་སད་དུ་བཅུགས་སོང་། དེ་ཡང་ཁྱེད་རང་གི་མཁྱེན་རྒྱ་དང་ཉམས་མྱོང་། སྤྱི་སེམས་སོགས་ཀྱི་སྟོབས་ལས་བྱུང་བ་ནི་སྨོས་མ་དགོས་པ་རེད་ཨང་། འོན་ཀྱང་དུས་རྟག་ཏུ་ཉེས་སྐྱོན་འཚོལ་བ་ལས་བཟང་ཕྱོགས་སྣ་གཅིག་མི་མཐོང་བའི་མི་ཐལ་ཤལ་བ་རེ་ཤས་ཀྱིས་ཁྱེད་རང་ལ་སྐྱོན་བརྗོད་དང་ཉེས་འཛུགས་ཀྱི་མགོ་བརྩམས་རུང་། མཇུག་སྐྱོང་མི་ཐུབ་པའི་མི་བདེན་རྫུན་བསྒྲིགས་རྐྱང་རྐྱང་གི་ཀུན་སྤྱོད་དེ་དམར་ཧྲང་སེ་ཕྱི་ལ་རང་གིས་རང་ཉིད་བཤམས་སོང་། ཡ་རེ་ང་། སྙིང་རྗེའི་གནས་ཁོ་ན་ལས་མ་འདས་སོ།།

Chokey Tenzin

༣༽ ཁ་གསལ་ཞིང་གོ་རྒྱུ་ཡོད་པའི་ཁྱེད་རང་གི་སྔ་ཕྱིའི་གསུང་བཤད་ཁག་ལ། བཙན་བྱོལ་གཞུང་དམངས་གཉིས་དང་། ལྷག་པར་དུ་ཚོགས་སྒེར་སྐྱིད་ཁག་ཚང་མས་དོ་སྣང་དང་མཉམ་འཇོག་བྱེད་རན་པའི་དུས་བབ་ཅིག་ཡིན་པ་ནི། རྩོམ་པ་པོ་ངས་མ་བཤད་ཀྱང་ཀུན་གྱི་ཐུགས་ལ་གསལ་བོ་ཡིན་པའི་ཡིད་ཆེས་ཡོད། ད་དུ་ཁ་ཇེ་གསལ་དུ་བཏང་ནས་བཤད་ན། ཆོལ་ཁ་དང་སྲིད་ཟུར་སོགས་ཀྱི་ཕྱོགས་ཁག་ལ་ལངས་ཏེ། བོད་མིའི་ནང་ཁུལ་ལ་ང་ངར་ཁྱོད་ངན་གྱི་ཚིག་གི་རྩོད་པ་རྣོ་ངར་ཆེ་བའི་དུས་སྐབས་འདི་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དྲ་ལམ་ན་ཕྱོགས་ཁག་ཕྱོགས་རིས་ཀྱི་འཁོར་ལོ་བསྐོར་བཞིན་པའི་དུས་འདི་ལྟ་བུ་ཞིག་ལ། རང་ཚུགས་བརྟན་ཞིང་སྤྱི་སེམས་ཆེ་བའི་མཛངས་མ་ཁྱེད་དང་ཁྱེད་ལྟ་བུ་ནི་ལྷག་ཏུ་མཁོ་གལ་ཆེའོ།།

༤༽ ཁྱེད་རང་ལྟ་བུའི་བཙན་བྱོལ་སློབ་གྲྭ་ཁག་གི་ནང་ལ་དགེ་རྒན་ག་ཚོད་ཡོད་དམ། བཤད་ཕོད་པ། སྒྲུབ་ཕོད་པ། བསམ་ཕོད་པ་སྤོབས་པ་རྣམ་གསུམ་ལྡན་མཁན་གྱི་དགེ་རྒན་ག་ཚོད་ཡོད་དམ། དེ་མཚུངས་གཞུང་ཞབས་པ་དང་ཚོགས་སྒེར་ཁག་གི་དབུ་ཁྲིད་ནང་ལ་ཁྱེད་འདྲ་བའི་མིག་རྒྱ་ཅན། སྤྱི་སེམས་ཅན། གཏན་ཚུགས་ཅན་ག་ཚོད་ཡོད་དམ། འདས་པའི་ལོ་གཅིག་གི་ནང་ལ། ཁྱེད་རང་གི་གསུང་བཤད་རིམ་པར་བཞིན་མ་ཆད་མ་ལུས་པར་ད་ལྟའི་བར་ཉན་ཡོང་དུས། ཁྱེད་རང་གི་རྣམ་དཔྱོད། ལྷག་བསམ། རང་ཚུགས། སྤྱི་སེམས་བཅས་མཐོང་ཐེངས་རེར། བཙན་བྱོལ་སྤྱི་ཚོགས་ནང་ལ་མངོན་གསལ་དོད་པོའི་སྒོ་ནས་ཁྱེད་འདྲ་བའི་བོད་ཀྱི་བུད་མེད་བརྒྱ་ཙམ་ཡོད་རྒྱུ་ན། ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས། ང་ཚོའི་མཐུན་སྒྲིལ་གྱི་སྟོབས་ཤུགས། ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་བརྟན་ལྷིང་། མི་རབས་གསར་བའི་མདུན་བསྐྱོད་སོགས་ལ་སེམས་ཁྲལ་རྩ་བ་ནས་མི་དགོས་པ་རེད་ཨང་།

༥༽ མདོར་ན། ང་ཡང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། སུ་ལ་དྲང་བདེན་ཡོད་ན། དེའི་རྒྱབ་རྩར་ལངས་དགོས་པ་ནི་སྤྱི་བཏང་གི་གནས་ལུགས་ཙམ་རེད་ལ། སུས་དྲང་བདེན་སྐྱོང་གིན་ཡོད་ན། བཤད་ཀྱིན་ཡོད་ན། རྩོམ་པ་པོ་མིག་གཉིས་ཀ་འཛོམས་མཁན་ཞིག་ཡིན་ན། ཡི་གེའི་སྟོབས་ཤུགས་དེ་དེའི་ཕྱོགས་སུ་ལངས་དགོས་པ་ནི་རྩོམ་པ་པོ་ཞིག་ལ་འཁྲི་བའི་ཆེས་མ་མཐའི་ཆ་རྐྱེན་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས། ང་ནི་མཛངས་མ་ཆོས་སྐྱིད་ལགས་ཀྱི་ཕྱོགས་ནས་མུ་མཐུད་ཡི་གེའི་སྟོབས་ཤུགས་དེ་མངོན་རྩིས་ཡོད་དོ།། ངས་ཁོང་མོ་བོད་ཀྱི་ལོ་རྒྱུས་ནང་ཡིག་ཐོག་ལ་རིམ་པ་བཞིན་འགོད་རྩིས་ཡོད་དོ།།

Chokey Tenzin

2023/10/15 ཉིན་ལ།

Leave a Comment