སྔོན་མ་ནས་ཁྱེད་ལ་དགའ་མྱོང་ལ། ད་ལྟ་ལྷག་ཏུའང་ཁྱེད་ལ་དགའ་སོང་།

རྩོམ་པ་པོ། ཨ—བསྟན་འཛིན་བྲག་དཀར།
ལོ་དུས་ཏག་ཏག་ཅིག་སེམས་ངོགས་སུ་གསལ་བོ་མི་འདུག་མོད། ཕལ་ཆེར་ཉིས་སྟོང་ལྔའི་ལོ་ཡིན་པ་འདྲ། དེ་དུས་གཞས་མ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་ཚིག་དང་དབྱངས་གསར་རྩོམ་བྱས་པའི་<<སེམས་པ་>>ཞེས་འོད་སྡེར་ཞིག་ཐོག་མར་བོད་པའི་སྤྱི་ཚོགས་ནང་བཀྲམས་པ་དེར། སྟོབས་ཅན་མང་པོ་ཉན་པ་ཡིན། ཡང་ཡང་ཉན་པ་ཡིན། ཧ་ཅང་སྙན་པོ་བྱུང་སོང་། ང་ལ་བག་ཆགས་ཟབ་མོ་བཞག་སོང་། མ་ཟད་བོད་པའི་སྤྱི་ཚོགས་ནང་ནས། གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་སྙེག་པའི་བུད་མེད་ཀྱི་ཕྱོགས་ནས་བཤད་ན། བསྟན་འཛིན་ཆོས་སྐྱིད་ནི་སྐབས་དེ་དུས། རྩེ་གྲས་ཤིག་དང་། ཕུལ་བྱུང་ཞིག་ལ་ཁོང་མོའི་སྐད་ངག་གི་སྒྱུ་རྩལ་གྱིས་གོ་གནས་དེར་རང་བཞིན་གྱི་བཞག་སོང་། དེ་ནི་ཁོང་མོའི་གླུ་གཞས་སྒྱུ་རྩལ་ལ་ནུས་པ་ཡོད་པ་གསལ་བོ་མཚོན་ནོ།།
སྐབས་དེར་རྩོམ་པ་པོ་ང་རང་ལ་ཆ་བཞག་ན། ཆོས་སྐྱིད་སེམས་པའི་གླུ་གཞས་སྒྱུ་རྩལ་གྱིས་སྟོབས་ཅན་ངའི་སེམས་པ་བཀུགས་མྱོང་ལ། ང་སེམས་ཀྱི་གཏིང་ནས་ཁོང་མོའི་གླུ་གཞས་ལ་སེམས་པ་ཐེངས་མང་པོ་ཤོར་མྱོང་། མ་ཟད་དེ་དུས་བསྟན་འཛིན་ཆོས་སྐྱིད་ལ་མཚོན་ན། གཟུགས་དང་ལང་ཚོའི་དཔལ་ཡོན་རྣམ་པར་བཞད་པའི་དུས་ཚོད་ཅིག་རེད་ཨང་། ང་ཁོང་མོ་ལས་ལོ་ན་ཏོག་ཙམ་ཆུང་བ་ཡིན་པའི་རྐྱེན་གྱིས། ཁོང་མོ་གླུ་གཞས་གར་སྟེགས་མང་པོ་ནས་མཇལ་མྱོང་ཡང་། ང་རང་གི་སེམས་ཀྱི་དགའ་ཚོར་དེ་ཁོང་མོ་ལ་ནམ་ཡང་བསྟན་མ་ཕོད། གང་ལྟར། ལོ་ཤས་རྗེས་ནས་ངས་བསྟན་འཛིན་ཆོས་སྐྱིད་ལགས་རྦད་དེ་བོར་སོང་། གོ་ཐོས་སུ་ཨ་རིར་བཞུགས་ཡོད་པ་འདྲ། ངའི་རེ་སྒུག་གི་ལོ་ཟླ་དེ་དག་ཁོང་མོ་གཏན་ནས་ཤེས་མེད་རུང་། ངས་ང་རང་གི་སེམས་ཀྱི་ཚོར་བ་དེ་ཧ་ཅང་རྒྱུས་མངའ་ཡོད་པས་ན། ང་ནི་ང་རང་གི་བརྩེ་བ་ལ་སྤོབས་པ་འཕེལ་སོང་། ངས་ཡིད་ཆེས་བྱ་སའི་མི་དེ་ནོར་མེད་པ་ཧ་ཅང་གི་དགའ་བོ་བྱུང་སོང་།
Chokey Sempa
ན་ནངས་ཀྱི་ལོ་སྟེ། ཉིས་སྟོང་ཉི་ཤུ་རྩ་གཉིས་ཀྱི་ལོ་དེར་ངའི་སེམས་ཁོང་གི་གཞས་མ་བསྟན་འཛིན་ཆོས་སྐྱིད་ལགས་གློ་བུར་དུ་དྲ་ལམ་དུ་ཐོན་སོང་། དེའང་བུད་མེད་ཀྱི་ལས་དབང་སྒོམ་ནས་སྔོན་ལ་ཐོན་སོང་། དྲང་བདེན་གཙུགས་སུ་བཟུང་ནས་མདུན་དུ་ཐོན་སོང་། སྐད་ཆ་དྲང་མོར་བཤད་ནས་ཤར་སེ་ཐོན་སོང་། ས་ཁུངས་ལུང་ཁུངས་ཀྱི་གུ་དོག་གི་བསམ་བློ་དོར་ནས་ཐོན་སོང་། བརྟག་དཔྱད་ཞིབ་འཇུག་གི་རྒྱ་མ་བཟུང་ནས་ཐོན་སོང་། དཀར་ནག་དབྱེ་འབྱེད་ཀྱི་ཤེས་རབ་ལ་དཔལ་ཡོན་འབར་ནས་ཐོན་སོང་། ཧམ་པ་དང་རྫུན་མའི་མགོ་ལ་བདེན་པ་བསླངས་ནས་ཐོན་སོང་། གཞུང་དང་བོད་མིའི་སྤྱི་མཐུན་གྱི་ལ་རྒྱ་བཟུང་ནས་ཐོན་སོང་། ༧གོང་ས་མཆོག་ལ་ཤེས་ནས་དད་པ་ཡོད་པའི་སྒོ་ནས་ཐོན་སོང་། གཡོ་སྒྱུ་ཁྲམ་གསུམ་གྱི་ལྭ་བ་ཕུད་ནས་ཐོན་སོང་། མདོ་ཁམས་ཀྱི་དྲང་ཚུགས་བཟུང་ནས་ཐོན་སོང་། དེ་བས་ན། ང་ནི་ང་ཆུང་དུས་ཀྱི་ཆེས་དགའ་སའི་གཞས་མ་བསྟན་འཛིན་ཆོས་སྐྱིད་ལ་ད་ལྟ་ལྷག་ཏུ་དགའ་སོང་། དད་སོང་། སྤོབས་པ་བསྐྱེད་སོང་། ང་རང་དགའ་སའི་མི་དེ་ནོར་མེད་པའི་དཔང་རྟག་དེ་རེག་སོང་། ངོ་མ་བཀའ་དྲིན་ཆེའོ།།
ངའི་སེམས་ཁོང་གི་སྒྱུ་རྩལ་མ་ལགས། ཁྱེད་ནི་ནམ་ཡང་ངའི་གླུ་གཞས་སྒྱུ་རྩལ་དང་དྲང་བདེན་གནས་ལུགས་ཀྱི་རྒྱབ་རི་དེ་ཡིན་ནོ།། ང་ནི་ཁྱེད་ཀྱི་རྒྱབ་མདུན་ན་དུས་རྟག་ཏུ་ཡོད་དོ།།
2023/10/14 ཉིན་ལ་བྲིས།
Chokey Sempa

Leave a Comment