༄༄། །སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་
ཚོགས་དུས་ ༦ པར་བལྟས་པའི་མྱོང་ཚོར་ཟུར་གསུམ་མ།
ང་ནི་གྲྭ་བ་མིན་ལ་གྲྭ་ལོག་མིན།།
བཀའ་ཟུར་སྤྱི་ཟུར་སོགས་ཀྱི་མིང་ཡང་མེད།།
ཟླ་དྲུག་རེ་རེའི་སྤྱི་འཐུས་ཚོགས་འདུ་ལ།།
ཞིབ་ལྟ་བྱེད་པའི་གོམས་གཤིས་ང་ལ་ཡོད།།
གཙང་ཤོག་སྲུང་ཤུབས་ཐ་མག་འཇུག་སྣོད་རེ།།
ཕྲག་པར་དཔྱང་མཁན་བཀུར་འོས་སྤྱི་འཐུས་ཚོ།།
གྲོས་ཚོགས་ཁང་པའི་ཕྱོགས་སུ་བསྐྱོད་པ་མཐོང་།།
སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་བྱུང་།།
ལོ་འགའི་སྔོན་ནས་གྲོས་ཚོགས་འཁྲུག་ཆ་དོད།།
ཏོག་དབྱིབས་ནད་དུག་བོའུ་ཧན་གྲོང་ནས་མཆེད།།
མིས་བཟོས་ཡིན་པ་ཡོངས་སུ་ཁྱབ་ན་ཡང་།།
སྤྱི་འཐུས་རེ་འགས་རང་བྱུང་གནོད་འཚེར་འགྲེལ།།
མིས་བཟོས་གནོད་འཚེ་རང་བྱུང་གོད་ཆགས་དབར།།
རྒྱུན་ཤེས་རགས་པའི་གོ་བ་མ་ལོན་པར།།
ཁྲིམས་ཁང་རྩ་གཏོར་བཏང་པའི་ལོ་རྒྱུས་ཡོད།།
ད་ཐེངས་ཡག་པོ་ཡོང་བའི་སྨོན་ལམ་འདེབས།།
མཁྲེགས་འཛིན་ཆེ་བའི་ཆོས་བརྒྱུད་སྤྱི་འཐུས་གཅིག།
ཤེས་ཚད་ཞན་པའི་གསར་འབྱོར་སྤྱི་འཐུས་གཉིས།།
གྲོས་ཚོགས་ར་བའི་ནང་གི་ཞན་ཆ་ཡིན།།
ད་རེབ་བར་ཆད་མེད་པར་ཕྱག་འཚལ་ལོ།།
འོས་གྲངས་བརྒྱ་ཅན་སྨོན་ལོག་བོན་འཐུས་འདི།།
མེ་ཧྤེར་མགྲོན་ཁང་ནང་ལ་འགྲོ་དོན་དང་།།
རྒྱ་ནག་གཞུང་ཚབ་མཉམ་དུ་ཐུག་ཡོད་མེད།།
བྲིས་པའི་ཉིན་དེབ་ནང་ན་མི་གསལ་ཟེར །
རྒྱ་གར་གསང་ལས་ཁང་ནས་བརྡ་ཞིག་ཐོན།།
བདེ་དོན་རྒྱ་རི་སྒྲོལ་མ་འཚབ་ཞིག་ལངས།།
གྲོས་ཚོགས་ར་བའི་སྒོ་ནས་བརྡའ་ཞིག་བསྟན།།
འདྲི་རྩད་ཐོག་མའི་དབུ་ཁྱུད་འདི་ལྟར་བྲིས།།
ཉིན་གཉིས་རྗེས་ཀྱི་གྲོས་ཚོགས་ར་བའི་ནང་།།
གདུང་སེམས་མཉམ་སྐྱེལ་ལས་རིམ་ལོག་སྤྱོད་པས།།
ཟམ་གདོང་བླ་མར་སྐུར་འདེབས་ཚད་མེད་བྱས།།
རང་ཉིད་ཡོད་ཚད་ཡིན་པའི་བརྡ་ཞིག་བསྟན།།
བླ་མར་བསྙོན་ལ་སེམས་ནས་མི་བཟོད་མཁན།།
དཔའ་སྙིང་ཅན་གྱི་ཟླ་བ་ཕུན་སྐྱིད་ལགས།།
ཏོག་སེ་ཡར་ལ་ལངས་ནས་མདའ་ཞིག་འཕངས།།
རྒྱ་ལ་འབྲེལ་བ་ཡོད་པའི་ཤྭ་ཞིག་བསད།།
དོགས་ཅན་སྨོན་ལོག་གདོང་ལ་རྩ་ཆེན་རྒྱས།།
མདུན་གྱི་རྒྱ་ཅོག་སྒང་ལ་ཤུགས་ཀྱིས་བརྡབས།།
ང་ལ་རྒྱ་མིའི་སོ་བར་འབོད་པ་འདི།།
དོན་དག་ཆུང་ཆུང་མིན་ཞེས་འུར་ཀྱིས་བསྒྲགས།།
གཞན་ལ་བསྙོན་འཛུགས་བྱེད་རྒྱུར་ངོ་ཚ་མེད།།
རང་ཉིད་དཀར་འདོན་བྱེད་པའི་སྤོབས་པ་མེད།།
ཉིན་དེབ་རྫུན་མ་འགྲེལ་བའི་དག་འབུད་ལུགས།།
རྒྱ་གར་ཁྲིམས་ཁང་ནང་དུ་ཇི་ལྟར་འཁྲབ།།
གླང་དམར་ཚོ་དང་ཀླད་སྟོང་སྤྱི་འཐུས་འགས།།
ས་བཤད་རྡོ་བཤད་ཁྲོད་ནས་ཉིན་གཅིག་རྫོགས།།
ད་ལྟ་ཉིད་དུ་གཙང་མ་བཟོ་དགོས་ཞེས།།
རྒྱ་རི་སྒྲོལ་མ་རྙོག་གླེང་ནང་དུ་དྲུད།།
རྒྱ་རིས་ཐོ་ཤོག་བཟུང་ནས་འགྲེལ་ཞིག་བརྒྱབ།།
མགོ་དང་རྐུབ་ལ་སྦྱར་བའི་གཏམ་ཞིག་བཤད།།
གྲོས་ཚོགས་ར་བའི་འཁྲབ་སྟོན་མང་དུ་ཆས།།
གཅིག་རྒྱབ་གཉིས་ལངས་བྱེད་ཤུགས་ཆེ་རུ་སོང་།།
སྐབས་དེར་ཟླ་ཕུན་ཉམས་ཀྱིས་ཡར་ལ་བཞེངས།།
མཆོག་དཀར་གཞུ་མོ་སོ་སོའི་རུམ་ན་ཡོད།།
ལྕགས་མདའ་ནག་པོ་རང་གི་མཐེབ་ན་ཡོད།།
ནམ་འཕེན་སུ་གསོད་ང་ཡི་རང་དབང་ཡིན།།
ལོ་ངོ་ཉི་ཤུའི་གྲོས་ཚོགས་ཉམས་མྱོང་ནང་།།
སྐྱོན་བརྗོད་སྐུར་འདེབས་མི་གསོད་ལག་དམར་སོགས།།
གྲོས་ཚོགས་འདི་ནས་མ་བཤད་གཅིག་ཀྱང་མེད།།
རེ་རེ་བཞིན་དུ་ཁུངས་སྐྱེལ་སུ་ཡིས་བྱས།།
རང་སྐྱོན་རི་འདྲ་རང་རྐུབ་འོག་ལ་བཅུག།
གཞན་སྐྱོན་ཁབ་འདྲ་ཁ་ནས་སྒྲོག་རྐྱང་བྱེད།།
འདི་ནི་ད་ལྟའི་བར་ཏུ་གྲོས་ཚོགས་སྲོལ།།
ད་ནས་ཕར་ལ་གོམ་གང་མི་གློད་ཟེར།།
ཐོལ་གྱིས་འཛིན་རིམ་བརྒྱད་པའི་ལག་ཁྱེར་ཅན།།
འཇུ་ཆེན་ཆོས་སྒྲོན་ཁོང་ཁྲོ་རབ་འབར་ནས།།
ལས་རིམ་རྣམ་བཞག་ཐོག་ལ་རྣམ་བཞག་བརྩེགས།།
ཨ་སྟག་ལྷ་མོར་སྟངས་འཛིན་བྱེད་མཁན་མེད།།
ཡིག་ཨང་སོ་དགུའི་རྒྱབ་ཀྱི་བསམ་ནག་མ།།
ཁྲིམས་མཁན་ཇག་པར་འགྲེལ་མཁན་ཁ་ནག་མ།།
མཚོ་ཁར་སྨོན་ལག་འཇུ་མཁན་ཆགས་རྒན་མ།།
གྲོས་ཚོགས་ར་བ་གཏོར་མཁན་གཏེ་བོ་ཡིན།།
དེར་འབྲེལ་སྲས་མོ་མིག་ཆུང་རྐུབ་ནག་མ།།
ལོ་ན་ཕྲ་ཡང་རྒས་ཉམས་སྟོན་ནི་མ།།
ཧིན་སྐད་དབྱིན་སྐད་ཨོ་ཙི་བཤད་ནི་མ།།
ཕོ་རོག་ཤ་ལ་འཕྲད་བཞིན་ཡར་ལ་ལངས།།
རྒྱ་རི་སྒྲོལ་མིའི་རྒྱབ་ལ་ཕུ་ཞིག་བཏབ།།
མོ་རྒྱབ་མོ་ལངས་ཡིན་པའི་བརྡ་ཞིག་བསྟན།།
ཟླ་བ་ཕུན་སྐྱིད་ཕྱོགས་སུ་ཤགས་ཤིག་འགྱེད།།
ལོ་ན་རྒས་དུས་སྨྲ་བ་ཉུང་དགོས་ཟེར།།
རྒྱ་གར་གཞུང་གི་ཐོག་ལ་སྐྱོན་ཞིག་བཤད།།
གནས་ཚང་བཀའ་དྲིན་ཆེ་བའི་བསམ་ཤེས་བོར།།
རང་གི་ཆོལ་ཁའི་མདུན་ནས་དགྲ་ལྟར་འགྱིངས།།
སྐྱེ་ཁུངས་མཆེད་ཁུངས་བརྗེད་པའི་མིག་ཆུང་མ།།
རང་བཙན་དབུ་མའི་རྩོད་གཞི་ཁྱོད་ཀྱིས་བསླངས།།
ཆོས་བརྒྱུད་ཆོལ་ཁའི་སྤྱི་འཐུས་ཁྱོད་ཀྱིས་དཀྲུགས།།
གྲོས་ཚོགས་ནང་གི་མ་མོ་སྣ་ནག་མ།།
བཙན་པོའི་རྒྱུད་པ་མིན་པ་ཐག་གིས་ཆོད།།
དེ་ནས་གནས་ཆུང་བཀའ་ལུང་མི་བརྩི་མཁན།།
བཀའ་རྒྱུད་སྤྱི་འཐུས་ཡར་འཕེལ་ཡར་ལ་ལངས།།
མི་མང་ལྔ་བརྒྱའི་དགོས་འདུན་ཆུ་ལ་བསྐུར།།
རྒྱབ་ལངས་ལྔ་སྟོང་ཡོད་པའི་ལབ་ཞིག་བརྒྱབ།།
རེ་ཞིག་ཅི་བྱེད་འདི་བྱེད་མེད་པའི་སྐབས།།
སྲིད་ན་དཀོན་པའི་སྲིད་སྐྱོང་ཡར་ལ་བཞེངས།།
ལམ་སྟོན་སྒྲོན་མེའི་འོད་མདངས་གང་སར་ཁྱབ།།
གླང་དམར་གསར་འབྱོར་མང་དག་ཧད་དུ་བཅུག།
བཙན་པོའི་ཁ་གནོན་སྲིད་སྐྱོང་སྤེན་ཚེ་ཡིས།།
ཧ་ཝར་རབ་འབྱམས་སང་རྒྱས་ཁྲིམས་ལ་གཏུགས།།
སྐྱོན་འཛུགས་དོན་ཚན་བཅུ་ལས་བཅུ་པོ་ཐོབ།།
བཙན་པོའི་གཉའ་ནས་གནོན་སྟངས་འདི་འདྲ་རེད།།
སྲིད་སྐྱོང་འོས་ལངས་ཕྱོགས་སྐྱོད་གཏམ་བཤད་མེད།།
རྒྱལ་ཁབ་ཉེར་དྲུག་བསྐོར་བའི་མ་དངུལ་མེད།།
ཨ་སྒོར་མང་པོའི་ཁང་པ་ཨ་རིར་མེད།།
ཁོ་ལ་ཡོད་པ་ཤེས་འཇོན་ལྷག་བསམ་ཡིན།།
སྦེལ་ཀོབ་སྤྲེའུ་རྩེན་པའི་ཤིང་ནགས་ནང།།
དྲ་ཐོག་ཐད་གཏོང་ཙམ་གྱི་དྲང་གཏམ་གྱིས།།
བཙན་བྱོལ་འོས་ཤོག་རེ་རེའི་རིན་ཐང་བཀུག།།
བདེན་ལ་རྒྱལ་ཁ་འཐོབ་སྟངས་འདི་འདྲ་རེད།།
ཀ་བ་བཅག་ནས་བཀའ་བློན་མ་བརྐོས་ཀྱང་།།
ནང་སྲིད་ཕྱི་སྲིད་གཉིས་ཀྱི་འགན་ཁུར་ནས།།
རྩ་བའི་བླ་མའི་ཐུགས་ལ་དྲོད་ཁོལ་སྦྱིན།།
ས་ཡ་དྲུག་གི་མྱི་ལ་རེ་བ་སྐྲུན་།།
གྲོས་ཚོགས་མཚམས་འཇོག་དགོས་ཚེ་རྒྱུ་མཚན་དགོས།།
རྒྱུ་མཚན་ཚད་ལྡན་མེད་པའི་རྩོད་གླེང་ཁྲོད།།
ལས་རིམ་ཁ་བསྒྱུར་བྱེད་པའི་ཐོབ་ཐང་འདི།།
ཁྲིམས་སྒྲིག་གང་ན་མེད་པ་གསལ་བོར་གསུངས།།
དེ་རྗེས་ཚོགས་གཙོ་སྐེ་ཀྱོག་སྐབས་འཚོལ་བ།།
ཁོ་ཡང་གཡོ་ཅན་ཝ་ལྟར་ཡར་ལ་འགྲེང་།།
ཚོགས་འདུ་མཚམས་འཇོག་མིན་པའི་ལན་ཞིག་བཏབ།།
དམིགས་བསལ་དབང་ཆ་ཡིན་པའི་ལོག་འགྲེལ་བརྒྱབ།
དབང་ཆ་ལོག་སྤྱོད་བྱེད་མཁན་ཚོགས་གཙོ་ཡིས།།
ཉོག་གཏམ་རྫུན་གཏམ་ཚིག་གིས་སྣ་དྲངས་ནས།།
ཉིན་དེའི་ལས་རིམ་འདི་ལྟར་རྫོགས་པ་དང་།།
སང་ཞོགས་ཚོགས་བརྡ་བཏང་ནས་གྲོས་ཚོགས་གྲོལ།།
བརྒྱུད་ལམ་གཞན་ནས་འདིར་འདྲེནབཀོད་བྱས།
Chokey Tenzin is not only the founder of “Exile Voice,” but also an accomplished singer and songwriter. As a mature woman, she has become a powerful advocate for justice, speaking out against various forms of injustice. In addition to her activism, she is also a devoted mother who strives to empower her people, particularly the youth. Her vision for her community is one of growth and awareness, where individuals are able to thrive and resist the manipulation and distractions that threaten to hinder progress.